A song of revelation of mind | SAMYEPA |
SAMYEPA SAMYEPA
3.86K subscribers
36,335 views
654

 Published On Mar 1, 2021

༈ བཀའ་དྲིན་མཚུངས་བྲལ་བླ་མ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་དུས་བཟང་ལ་འཚམ་འདྲི་དང་སྦྲགས་སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་ཕྲིན་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་ཞུ།

གཏད་མེད་ཉམས་ཀྱི་ཐོལ་གླུ་ཞེས་པ་འདི་ནི་རྫོགས་ཆེན་མཁན་རིན་པོ་ཆེ་ཡེ་ཤེས་བཟང་པོ་མཆོག་ནས་དྲིན་ལྡན་རྩ་བའི་བླ་མ་༸སྐྱབས་རྗེ་སྨྱོ་ཤུལ་མཁན་རིན་པོ་ཆེ་མཆོག་སྙིང་ནས་དྲན་བཞིན་ཐལ་བའི་ཉམས་ཀྱི་ཐོལ་གླུ་ཞིག་ལགས།

ད་རིང་༸སྐྱབས་གནས་བླ་མ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་དུས་བཟང་ལ་མགུར་གླུ་བྱིན་ཆེན་འདི་ཉིད་དད་ལྡན་སློབ་བུ་ཡོངས་ཀྱི་སྤྱན་ལམ་དུ་འབུལ་ལམ་ཞུས་པ་ལགས་ན་སྒོ་གསུམ་གྱི་སྒྲིབ་པ་དག་ཅིང་ཚོམ་བུ་གཅིག་ཏུ་གདོད་མའི་གཞི་དབྱིངས་ཆེན་པོར་ཆོས་སྐུའི་བཙན་ས་ཟིན་པའི་སྨོན་ལམ་ཞུ།


༈ གཏད་མེད་ཉམས་ཀྱི་ཐོལ་གླུ།

ལས་ཀྱིས་འདི་རུ་འཛོམས་པའི།།
དམ་ཚིག་གཅིག་པའི་མཆེད་ལྕམ།།
གཏད་མེད་གུ་ཡངས་ཞིག་པོ།།
རྣལ་འབྱོར་གླུ་ལ་གསོན་དང་།།
སྐྱིད་པའི་སྤྲོ་གླུ་མ་ཡིན།།
སྡུག་པའི་སྐྱོ་གླུ་མ་ཡིན།།
དགའ་སྐྱོ་གཉིས་ལ་མ་ལྟོས།།
རིག་རྩལ་ཉམས་ཀྱི་ཐོལ་གླུ།།

དབང་ལྡན་ཕྲག་ནས་ཤར་བའི།།
ཀུན་གསལ་ཉི་མའི་དཀྱིལ་འཁོར།།
ཆུ་ལྷའི་མགྲོན་དུ་མ་བཞུད།།
གསལ་གྲིབ་མེད་འདི་ཨ་ཧོ།།
ཀུན་གསལ་འོད་སྟོང་དཔལ་གྱིས།།
འགྲོ་ཀུན་མིག་གི་བདུད་རྩི།།
སུམ་རྩེན་ས་ལ་འཕོས་འདྲའི།།
དཔྱིད་ཀྱི་དཔལ་ཡོན་བཞད་སོང་།།

ཀུན་སྣང་འོད་ཀྱི་དྲྭ་བས།།
འགྲོ་ཀུན་རྣ་བའི་བདུད་རྩི།།
དྲི་ཟའི་རྒྱུད་མང་ལྟ་བུའི།།
བུང་བའི་གླུ་དབྱངས་སྒྲོགས་སོང་།།
རྐྱེན་བྲལ་དྭངས་བའི་དབྱིངས་ཀྱིས།།
འགྲོ་ཀུན་ཡིད་ཀྱི་བདུད་རྩི།།
བསམ་གཏན་བདེ་བས་མི་མཚོན།།
ཡིད་ལ་རབ་དགའ་སྟེར་སོང་།།

རྩི་ཤིང་འབྲས་བུ་ལེགས་སོང་།།
ལོ་འབྲས་སྙེ་མ་སྦོམ་སོང་།།
ཕྱུགས་རྣམས་ཤེད་མོང་བཟང་སོང་།།
མི་རྣམས་དཔལ་འབྱོར་རྒྱས་སོང་།།
སྣོད་བཅུད་ལེགས་པའི་དཔལ་ཀུན།།
ཀུན་གསལ་དཔལ་ལས་ཤར་ཡང་།།
གཏན་བདེའི་དགའ་སྟོན་འབྱུང་བའི།།
ནུས་པ་རྡུགས་པས་ཅི་བྱ།།

འོན་ཏང་རྨོངས་རྒན་མང་པོས།།
གང་ལ་སྐྱབས་སུ་འཛིན་ཏེ།།
གཏན་བདེའི་རེ་ལྟོས་འཆའ་བ།།
མཆོག་གསུམ་ཐུགས་རྗེས་སྐྱོབས་ཤིག།
ཚོགས་གཉིས་དཔལ་ལས་ཤར་བའི།།
ཀུན་མཁྱེན་དྲི་མེད་འོད་ཟེར།།
དབྱེར་མེད་དྲིན་ཅན་བླ་མ།།
དད་བརྒྱའི་གཙུག་ཏུ་ཐོབ་པའི།།

མཐོང་གྲོལ་མཚན་དཔེའི་དཀྱིལ་འཁོར།།
མིག་གི་བདུད་རྩིར་གསལ་བས།།
ལུས་ཀྱི་སྒྲིབ་པ་དག་ཅིང་།།
རྡོ་རྗེའི་སྐུ་རུ་སྨིན་ཏེ།།
སྣང་སྲིད་བླ་མའི་དཀྱིལ་འཁོར།།
མ་བསྒྲུབ་ངང་གིས་འཆར་བ།།
རྗེ་བཙུན་བླ་མའི་ཐུགས་རྗེ།།
བཀའ་དྲིན་འཁོར་མཐའ་བྲལ་སོང་།།

གང་གསུང་ཚངས་དབྱངས་བདུད་རྩི།།
རྣ་བའི་བཅུད་དུ་སོན་པས།།
ངག་གི་སྒྲིབ་པ་དག་ནས།།
གསུང་གི་རྡོ་རྗེ་འགྲུབ་སྟེ།།
སྒྲ་གྲགས་སྔགས་ཀྱི་འཁོར་ལོ།།
མ་བསྒྲུབ་ངང་གིས་འཆར་བ།།
རྗེ་བཙུན་བླ་མའི་ཐུགས་རྗེ།།
བཀའ་དྲིན་འཁོར་མཐའ་བྲལ་སོང་།།

མཐའ་བྲལ་ཐུགས་ཀྱི་བྱིན་རླབས།།
ཡིད་ལ་རྣམ་པར་སིམ་པས།།
སེམས་ཀྱི་སྒྲིབ་པ་དག་ཅིང་།།
ཐུགས་ཀྱི་རྡོ་རྗེ་འགྲུབ་སྟེ།།
རྩོལ་མེད་ཆོས་སྐུའི་དགོངས་པ།།
འབད་མེད་ངང་གིས་རྟོགས་པ།།
རྗེ་བཙུན་བླ་མའི་ཐུགས་རྗེ།།
བཀའ་དྲིན་འཁོར་མཐའ་བྲལ་སོང་།།

བཀའ་དྲིན་འཁོར་མཐའ་བྲལ་བ།།
རིག་སྟོང་དོན་གྱི་བླ་མ།།
སྙིང་དབུས་མི་ཤིགས་ཐིག་ལེར།།
ཡེ་ནས་འབྲལ་མེད་རྟོགས་འདི།།
མན་ངག་བརྒྱ་གོ་གཅིག་ཆོད།།
གདམས་ངག་གཅིག་ཤེས་ཀུན་གྲོལ།།
ཉམས་ལེན་ཆུ་བརྒྱ་ཟམ་འདུས།།
བླ་མའི་རྣལ་འབྱོར་ལམ་གྱིས།།

སྲིད་པ་མིང་ཙམ་མ་གྲུབ།།
མྱ་ངན་འདས་པ་ལྟ་ཅི།།
གཉིས་མེད་མཉམ་པའི་ཀློང་དུ།།
བཙན་ས་ཟིན་པར་ཤོག་ཅིག།









ཐུགས་རྗེ་ཞུ།
བླ་མ་རིན་པོ་ཆེ་ཡེ་ཤེས་བཟང་པོ།
མཁའ་འགྲོ་པདྨ་ཆོས་སྒྲོན།
སྤྲུལ་སྐུ་ཐུབ་བསྟན་དགེ་ལེགས།
སློབ་དཔོན་ཨོ་རྒྱན་དངོས་གྲུབ།
པདྨ་ཀུན་གྲོལ།

#AlfaStudio
#songs
#Tibetannewsong

show more

Share/Embed